ཀླད་པ་སྐྲན་ནད་ལས་ཐར་བའི་བུ་མོ་བསྟན་འཛིན་ཆོས་མཚོ།

Tenzin Chotso.jpg

Get the SBS Audio app

Other ways to listen

ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་སིཌ་ནིང་ནང་གནས་སྡོད་བུ་མོ་བསྟན་འཛིན་ཆོས་མཚོ་ལགས་ལོ་ན་ ༨ སྐབས་སུ་ཀླད་པའི་སྐྲན་ནད་ཚབ་ཆེན་ཞིག་ཕོག་ནས་སྐབས་དེར་འཆི་གསོན་གྱི་མཚམས་སུ་སླེབས་ཡོད་ཀྱང་། རྗེས་སུ་སིཌ་ནིང་གྲོང་ཁྱེར་ནང་ཡོད་པའི་བྱིས་པའི་སྨན་ཁང་ Sydney Children's Hospital ནང་དུས་ཡུན་ཟླ་བ་ ༨ ཙམ་རིང་སྨན་བཅོས་བྱས་ནས། ད་ཆ་ན་ཚ་ལས་ཡོངས་སུ་དྲག་བསྐྱེད་བྱུང་ནས་ཁོ་མོ་སླར་ཡང་སློབ་གྲྭ་འགྲོ་ཐུབ་པ་བྱུང་ཡོད།


དེ་རིང་༢༠༢༤ ཟླ་ ༦ ཚེས་ ༢༢ ཉིན་ཁོ་མོ་ལོ་ན་ ༡༠ སོན་པའི་སྐྱེས་སྐར་དང་སྟབས་བསྟུན་ནས་ཁོ་མོ་ཛ་དྲག་གི་ན་ཚ་ལས་ཡོངས་སུ་དྲག་བསྐྱེད་བྱུང་བར། ཕ་མ་སྤུན་མཆེད་དང་གྲོགས་པོ་གྲོགས་མོ། ཕ་ཡུལ་གཅིག་པ། ས་གནས་སུ་ཡོད་པའི་དུས་རྒྱུན་རྒྱབ་སྐྱོར་གནང་མཁན་བོད་མི་སོགས་མང་པོ་ཞིག་ལྷན་དུ་འཛོམས་ནས་དགའ་སྟོན་རྟེན་འབྲེལ་ཟབ་རྒྱས་ཤིག་འཚོགས་ཡོད་པ་རེད།

དེ་རིང་ཁོ་མོའི་སྐྱེས་སྐར་ཙམ་མ་ཚད་ན་ཚ་ལས་ཡོངས་སུ་དྲག་སྐྱེད་བྱུང་བའི་རྟེན་འབྲེལ་མཛད་སྒོ་ཞིག་ཡིན་པས། སྐུ་མགྲོན་གཙོ་བོར་སྤྲུལ་སྐུ་གདུང་རྒྱུད་རིན་པོ་ཆེ་ཆེད་ཕེབས་ཀྱིས་སྣང་གསལ་མར་མེ་ཞལ་འབྱེད་གནང་བ་དང་། གཞན་ཡང་ཁོ་མོར་སྨན་བཅོས་བྱེད་ས་ཁེལ་བྷེལ་ཊོན་སྨན་ཁང་གི་སྐུ་ཚབ་དང་། ཁོ་མོ་ད་ལྟ་སློབ་སྦྱོང་བྱེད་ས་ཁེམ་བྷེལ་ཊོན་མི་མང་སློབ་གྲྭ་ Campbelltwon Public School གི་སློབ་སྤྱི་དང་ཁོ་མོའི་འཛིན་གྲྭའི་དགེ་ལགས་སློབ་གྲྭའི་སྐུ་ཚབ་ཐོག་ནས་ཆེད་ཕེབས་གནང་ཡོད་པས་མ་ཚད། སློབ་སྤྱི་མཆོག་ནས་གསུང་བཤད་དང་བུ་མོ་བསྟན་འཛིན་ཆོས་མཚོ་ལ་ཁེམ་བྷེལ་ཊོན་མི་མང་སློབ་གྲྭའི་སློབ་སྤྱིའི་གཟེངས་རྟགས་ཤིག་གནང་སོང་།

སློབ་སྤྱིའི་གཟེངས་རྟགས་དེ་ནི་དུས་རྒྱུན་སློབ་མ་དེའི་ཀུན་སྤྱོད་དང་ཕུལ་བྱུང་གི་གྲུབ་འབྲས་བཅས་ལ་གཟེངས་བསྟོད་གནང་སྲོལ་ཡོད་པ་ཞིག་རེད་འདུག

དེ་རིང་བུ་མོ་བསྟན་འཛིན་ཆོས་མཚོའི་པ་ལགས་ངག་དབང་ཆོས་བཟང་ལགས་ཀྱིས་ངའི་བུ་མོ་བསྟན་འཛིན་ཆོས་མཚོ་ཁོ་མོ་ཛ་དྲག་གི་ན་ཚ་ལས་འདི་འདྲའི་དྲག་སྐྱེད་བྱུང་བར་གཙོ་བོར་ཨོ་སི་ཁྲུ་ལི་ཡའི་ལུང་པ་དང་རྒྱལ་ཁབ་ཀྱི་བཀའ་དྲིན་དང་། དེ་བཞིན་རྒྱབ་སྐྱོར་ཚད་མེད་གནང་མཁན་ཁེམ་བྷེལ་ཊོན་མི་མང་སློབ་གྲྭའི་སློབ་སྤྱི་གཙོས་པའི་དགེ་ལས་རྣམས་པ། དེ་བཞིན་སིཌ་ནིང་ཕྲུ་གུའི་སྨན་ཁང་དང་ཁེམ་བྷེལ་ཊོན་སྨན་ཁང་། གཞན་ཡང་དུས་རྒྱུན་དུ་རྒྱབ་སྐྱོར་གནང་མཁན་སྤུན་མཆེད་གྲོགས་པོ་གྲོགས་མོ་དང་ཕ་ཡུལ་གཅིག་པ། ས་གནས་འདིར་ཡོད་པའི་བོད་མི་རྣམས་ཀྱི་བཀའ་དྲིན་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

དེ་རིང་རྟེན་འབྲེལ་མཛད་སྒོ་ཐོག་གཞས་སྣ་མང་པོ་གཟིགས་འབུལ་དང་། དགོང་མོ་སྒོར་གཞས་འཁྲབ་པ་སོགས་རྟེན་འབྲེལ་མཛད་སྒོ་གྲ་རྒྱས་པོ་དང་། ཁོང་ནང་མི་ཚང་མ་དགའ་སྤྲོ་ཚད་མེད་བྱུང་སོང་ཞེས་ཕ་མ་གཉིས་ཀས་མིག་ཆུ་ཁེངས་བཞིན་འགྲེལ་བརྗོད་གནང་སོང་།

Share