གདོད་མའི་མི་རིགས་ཀྱི་སྒྱུ་རྩལ་རྒྱལ་ཁབ་ཀྱི་འདས་ཟིན་པའི་ལོ་རྒྱུས་ཀྱི་སྒེའུ་ཁུང་།

Indi_art_AusExpl_Social_1080x1350_LongLeftAligned_Orange.png

Get the SBS Audio app

Other ways to listen

ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ཨ་བྷོ་རེ་ཇེ་ནལ་དང་ཊོ་རེ་སི་གླིང་ཕྲན་གྱི་མི་ཚོས་ངག་རྒྱུན་ལོ་རྒྱུས་དང་། སྒྱུ་རྩལ་བརྒྱུད་ལམ་ལ་བརྟེན་ནས་རང་གི་རིག་གཞུང་གི་ལོ་རྒྱུས་དང་ཆོས་ལུགས་ཀྱི་དད་པ། ཡུལ་དེའི་གཞི་རྩའི་ཤེས་བྱ་སོགས་ཤེས་རྟོགས་དང་གཞན་ལ་བརྒྱུད་བསྒྲགས་བྱེད་ཀྱིན་ཡོད་པ་རེད། སྒྱུ་རྩལ་རིག་གནས་ནི་ཁོང་ཚོའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྲོལ་རྒྱུན་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་ལྟ་བུ་ཞིག་ཀྱང་ཡིན།


ལེ་ཚན་འདིའི་ནང་དུ་ང་ཚོས་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་དང་ཊོ་རེ་སི་གླིང་ཕྲན་གྱི་མི་རྣམས་ཀྱིས་སྒྱུ་རྩལ་གྱི་རྣམ་པ་འདྲ་མིན་དང་ངག་རྒྱུན་ལོ་རྒྱུས་ལ་བརྟེན་ནས་སོ་སོའི་རིག་གཞུང་ཤེས་རྟོགས་བྱེད་ཚུལ་སྐོར་ངོ་སྤྲོད་ཞུ་རྒྱུ་ཡིན།

ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ཀྱི་སྒྱུ་རྩལ་ནི་རི་མོ་བརྒྱབ་པའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡིན་ཞིང་། དེ་ལ་བཟོ་དབྱིབས་དང་ལག་རྩལ་ཤུལ་རྗེས་སྣ་ཚོགས་ཤིག་ཡོད་པ་དེ་དག་ནི་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ཀྱི་ངོ་བོ་དང་མཚོན་རྟགས་རྒྱལ་ཁབ་འདི་དང་རིག་གཞུང་། ཚོགས་སྡེ་བཅས་ཀྱི་ནང་རྣམ་པ་གསལ་པོ་ཐོན་ཡོད།

མཱ་རེ་ཨ་ཝ་སོན་ Maria Watson-Trudgett ལགས་ནི་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ཀྱི་ནང་གསེས་ཝ་རེ་ཌུ་རེའི་བུད་མེད་ཅིག་རེད།

ཁོ་མོ་ནི་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ཀྱི་སློབ་སྟོན་པ་ཞིག་དང་རང་སྦྱོང་བྱས་པའི་སྒྱུ་རྩལ་པ་ཞིག་ཡིན། ཁོ་མོས་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ཀྱི་རིག་གཞུང་སྤྲོ་སེམས་ཆེན་པོས་གཞན་ལ་ངོ་སྤྲོད་བྱེད་ཀྱི་ཡོད།

ཁོ་མོས་མི་འགའ་རེས་རི་མོ་ཐད་ཀར་འབྲི་བ་ནི་སྲོལ་རྒྱུན་གྱི་རི་མོ་དང་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ཀྱི་སྒྱུ་རྩལ་ཁོ་ནར་ངོས་འཛིན་བྱེད་མོད། དོན་དངོས་སུ་དེ་ལྟར་མིན་པས་བསམ་བློ་གཏོང་སྟངས་ནོར་བ་རེད། ང་ཚོའི་སྲོལ་རྒྱུན་གྱི་སྒྱུ་རྩལ་ནི་དགོས་ངེས་ཀྱི་སྒྱུ་རྩལ་ཞིག་རེད་མི་འདུག དེ་ནི་ལག་ཆ་སོགས་ཀྱི་སྟེང་དུ་རྟགས་རྒྱག་པ་དང་དུར་ཁྲོད་ཀྱི་ས་ཆ་དང་ཤིང་སྡོང་ལ་རྟགས་རྒྱག་པ། ལུས་ལ་རི་མོ་འབྲི་བ་སོགས་ཀྱི་ཆེད་དུ་རེད་ཅེས་གསུངས་འདུག

དོན་དངོས་སུ་ཐིག་རིས་ནི་ཕྱི་ལོ ༡༩༧༠ ལོར་ཕ་ཕུ་ན་ཡ་ཞེས་པའི་ནུབ་ཕྱོགས་བྱེ་ཐང་གི་རི་མོའི་ལས་འགུལ་དང་ལྷན་དུ་ད་གཟོད་བྱུང་བ་རེད། ས་གནས་དེ་ཨ་ལི་སི་སི་ཕི་རིང་སི་གྲོང་ཁྱེར་གྱི་ནུབ་བྱང་གི་མཚམས་སུ་ཆགས་ཡོད་ཅིང་། ས་གནས་དེ་ནས་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ཀྱི་རི་མོ་བ་ཚོས་པང་ལེབ་སྟེང་དུ་འགྱིག་གི་ཚོན་རྩི་བཀོལ་ནས་རང་གི་གནའ་བོའི་གཏམ་རྒྱུད་རྣམས་འབྲི་མགོ་བརྩམས།

སྒྱུ་རྩལ་པ་དེ་དག་གིས་རང་གི་ལོ་རྒྱུས་དང་རིག་གཞུང་གི་སྐོར་ལ་འགྲེལ་བཤད་བྱེད་པར་བཀོལ་བའི་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ཀྱི་སྒྱུ་རྩལ་ནི་རྣམ་པ་སྣ་ཚོགས་ཤིག་ཡོད་པ་དང་། ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ཀྱི་སྒྱུ་རྩལ་ནི་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ཀྱིས་རང་གི་རྒྱལ་ཁབ་དང་རིག་གཞུང་ལ་འབྲེལ་ལམ་འཛུགས་པའི་ཆེད་དུ་བྲིས་པའི་རི་མོ་དང་། ཁོང་ཚོའི་སེམས་ཁམས་ཀྱི་འབྲེལ་བ་དང་ཁོངས་གཏོགས་ཀྱི་འདུ་ཤེས་མཚོན་པའི་ཆེད་དུ་གསར་གཏོད་བྱས་པའི་རི་མོ་རེད་ཅེས་གསུངས་འདུག

ལྕམ་ཝ་སོན་ Ms Watson-Trudgett ལགས་ཀྱིས་མོས་ཕྱི་ལོ ༢༠༠༩ ལོར་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་བཞིན་པའི་གནོན་ཤུགས་ལས་ལྷོད་ལ་འབབ་ཆེད། རི་མོ་འབྲི་མགོ་བརྩམས། འོན་ཀྱང་རི་མོ་འབྲི་བ་ནི་སེམས་པ་ལྷོད་ལ་འབབ་བྱེད་གཞན་གང་ལས་ཀྱང་ལྷག་པ་ཞིག་ཡིན་པ་མོསཤེས་རྟོགས་བྱུང་།

སྒྱུ་རྩལ་ནི་ང་ལ་མཚོན་ན་ཤིན་ཏུ་གལ་ཆེན་པོ་ཡིན། རྒྱུ་མཚན་ནི་ང་ནི་ཨ་བྷོ་རི་ཇི་ནལ་གྱི་མི་ཞིག་ཡིན་པའི་ཆ་ནས་རང་གི་ལོ་རྒྱུས་མི་གཞན་ལ་བཤད་རྒྱུ་དང་། རང་གི་རིག་གཞུང་གསོན་པོར་གནས་པར་བྱེད་རྒྱུ་དེ་ཡིན། སྒྱུ་རྩལ་གྱིས་ད་དུང་ངའི་ཨ་བྷོ་རི་ཇི་ནལ་གྱི་རིག་གཞུང་དང་ངའི་རྒྱལ་ཁབ་ལ་འབྲེལ་བ་བྱེད་པར་ཕན་ཐོགས་ཡོད་ཅེས་གསུངས་འདུག

ལྕམ་ཝ་སོན་ Ms Watson-Trudgett ཡི་རི་མོ་སྒྱུ་རྩལ་ནི་དེང་རབས་ཀྱི་སྤྱི་ཚན་རི་མོ་དང་རིང་གཞུང་གི་རྣམ་པ་གཉིས་མཉམ་དུ་སྦྲེལ་བ་ཞིག་ཡིན། རི་མོ་དེས་རྒྱུག་ཆུའི་རི་མོ་དང་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ཀྱི་མཚོན་རྟགས་བེད་སྤྱོད་བྱས་ཡོད། དེ་ནི་མོའི་མེས་པོ་དག་གིས་ས་ངོས་སུ་བག་ཆགས་དང་མཚོན་རྟགས་འབྲི་བའི་སྐབས་སུ་ཕན་ཚུན་བརྡ་སྤྲོད་པའི་ཐབས་ལམ་དང་འདྲ་བོ་ཡོད་པ་རེད།

ཁོ་མོས་དོན་དངོས་སུ་མཚོན་དོན་ནི་སྒྱུ་རྩལ་པ་སོ་སོའི་འགྲེལ་བཤད་ལ་རག་ལས་པ་ཞིག་ལས། ཁྱེད་ཀྱིས་མཚོན་དོན་དེ་འདྲ་ཞིག་མཐོང་གི་ཡོད་ཀྱང་སྒྱུ་རྩལ་པ་གཞན་ཞིག་ལ་མཚོན་ན་དེ་དག་གི་དོནདག་གཞན་ཞིག་ཡིན་སྲིད་པའི་ཁྱེད་ཀྱིས་ཚོད་དཔག་ནམ་ཡང་བྱ་རྒྱུ་མེད་ཅེས་གསུངས་འདུག

གདོད་མའི་མི་རིགས་ཀྱི་ནང་གསེས་ Yorta Yorta ཡི་སྒྱུ་རྩལ་པ་ཨར་ཁེ་རཱ་རོ་སེ་ཨམ་ས་ཊོང་ Arkeria Rose Armstrong ལ་མཚོན་ན་སྒྱུ་རྩལ་ནི་རྒྱུན་དུ་ཁོ་མོའི་མི་ཚེའི་འཚོ་བའི་ཆ་ཤས་ཤིག་ཆགས་ཀྱི་ཡོད་འདུག གཙོ་བོར་ཁོ་མོའི་སྤོ་སྤོ་རྨོ་རྨོ་གཉིས་ལས་ཤུགས་རྐྱེན་ཐེབས་པ་ཞིག་དང་ཁོང་རྣམ་པ་གཉིས་ཀ་སྒྱུ་རྩལ་བ་ཡིན་འདུག

ཁོ་མོའི་རྨོ་རྨོ་ནི་གདོད་མའི་མི་རིགས་ Gamilaraay ཞེས་པའི་མི་རབས་རྒན་པ་ཞིག་དང་ཁོ་མོ་ནི་ཕྱིས་སུ་ས་གནས་སུ་བྱེ་མའི་སྒྱུ་རྩལ་རི་མོ་འབྲི་མཁན་གཅིག་པུ་དེ་ཡིན་འདུག

ཁོ་མོས་ངའི་རྨོ་རྨོས་ས་སྟེང་དུ་བསྡད་ནས་ཡུལ་ལུང་དང་བྱེ་མའི་སོགས་ཀྱི་སྐོར་བཤད་པ་དང་། ང་ཚོར་བྱེ་མའི་ཁྲོད་ནས་ཀྱང་སྒྲུང་བཤད། ཁོ་མོའི་འགྲུལ་བཞུད་དང་སྒྲུང་རྣམས་རི་མོའི་ལམ་ནས་མཚོན་པར་བྱེད། ཁོ་མོའི་མཚོན་དོན་དང་སྣང་བརྙན་མང་པོ་ཞིག་དེ་བཞིན་གཞན་ལ་བཤད་ཀྱི་ཡོད། དེར་བརྟེན་ངས་སྣང་བརྙན་དེ་དག་རས་གཞིའི་སྟེང་དུ་སྦྱར་ནས་གཞན་ལ་བཤད་ཀྱི་ཡོད་ཅེས་གསུངས་འདུག

ཁོ་མོའི་སྤོ་སྤོས་ཐབས་ལམ་དེ་ཚོ་སློབ་ཀྱི་ཡོད་འདུག

ངའི་སྤོ་སྤོས་ཚོན་རྩི་བཙག་མ་དང་། ཐིག་རིས་བཀོལ་ནས་རི་མོ་འབྲི་ཡི་འདུག ཁོང་གིས་ང་ལ་ཐིག་རིས་ཇི་ལྟར་འབྲི་དགོས་པ་བསླབས་བྱུང་། དེར་བརྟེན་ངས་ཁོང་གིས་ཐིག་རིས་བཀོལ་ནས་རི་མོ་འབྲི་སྟངས་དང་། ངའི་རྨོ་རྨོས་ཐིག་རིས་བཀོལ་ནས་རི་མོ་འབྲི་སྟངས་གཉིས་ཟུང་འབྲེལ་གྱིས་ཐིག་རིས་དང་སྒོར་ཐིག་གི་རྣམ་པའི་ཐོག་ནས་བྱིའུའི་མིག་རྒྱང་ལྟ་བུའི་ཡུལ་ལུང་ལ་ལྟ་བཞིན་ཡོད། ངས་འདི་ལྟར་སྒྲུང་ཞིག་བཤད་འདོད་བྱུང་ཞེས་གསུངས་འདུག

ལྕམ་སྐུ་ཨ་སི་ཊི་རོན་གྱིས། རང་གི་སྒྱུ་རྩལ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གྱི་རྣམ་པ་ཞིག་ཡིན་པར་འགྲེལ་བརྗོད་བྱས།

མོས་རི་མོ་འབྲི་བཞིན་པའི་སྐབས་སུ་ཡུལ་ལུང་ནི་ཅི་འདྲའི་གལ་ཆེན་ཞིག་ཡིན་པ་རྟོགས་ཐུབ་པར་མ་ཟད། སེམས་ཚོར་སྣ་ཚོགས་ཀྱང་སྐྱེ་ཐུབ་ཟེར།

ང་ཚོས་རང་ཉིད་ལ་དགའ་སྤྲོ་དང་སྤོབས་པའི་འདུ་ཤེས་ཤིག་ཡོད་པ་ཤེས་གསལ་ལྟར་རེད། ང་ཚོ་རང་གི་ལུང་པའི་ནང་དུ་མི་སྡོད་པའི་སྐབས་སུ། ལུང་པ་དེ་ང་ཚོར་ཅི་ཞིག་ཡིན་པའི་ཐད་ལ་བསམ་གཞིག་བྱེད་པ་ནི། སེམས་དང་འབྲེལ་བའི་གནས་ཚུལ་ཞིག་ཡིན། ངས་བལྟས་ན། མྱོང་ཚོར་གྱི་ངོས་ནས་བཤད་ན། དེ་ནི་བརྒྱུད་རིམ་གྱི་རང་བཞིན་ཅན་ཞིག་ཡིན། ང་ཚོས་སྒྱུ་རྩལ་གྱི་བརྩམས་ཆོས་རེ་རེ་ཡོངས་སུ་གྲུབ་པ་ན། ང་ཚོས་སླར་ཡང་སྒྲུང་དེ་བཤད་སྐབས། སྒྲུང་དང་འབྲེལ་བའི་འབྲེལ་ལམ་གྱི་སྐོར་ལ་བསམ་བློ་གཏོང་བཞིན་ཡོད། དེ་བརྒྱུད་ནས་མྱོང་ཚོར་སྐྱེ་ཡོང་གི་རེད་ཅེས་གསུངས་འདུག

ཁོ་མོས་སྒྲུང་དེ་ཁོ་མོའི་བུ་མོར་ཤོད་ཀྱི་ཡོད་འདུག

རིག་གནས་རྒྱུན་སྐྱོང་བྱེད་པར་ཁྱེད་ཀྱིས་རིག་གནས་མཉམ་སྤྱོད་བྱེད་དགོས་ལ། རིག་གནས་ལག་ལེན་ཡང་བྱེད་དགོས། ང་ཚོའི་མི་རབས་རྗེས་མ་ཚོ་དང་མཉམ་སྤྱོད་བྱེད་དགོས་ཟེར་བ་ནི་ཁོང་ཚོ་དང་མཉམ་དུ་བསྡད་ནས་གླེང་མོལ་དང་ངོ་སྤྲོད་བྱེད་དགོས་ཀྱི་ཡོད་པ་རེད། ཁྱེད་ཀྱིས་ཤེས་གསལ་ལྟར་ངས་རི་མོ་འབྲི་བཞིན་པའི་སྐབས་སུ་ངའི་བུ་མོ་ཡང་ཅོག་ཙེ་སྒང་ལ་བསྡད་ནས་རི་མོ་འབྲི་བ་དང་། ངས་རི་མོ་འབྲི་བའི་བརྒྱུད་རིམ་རེ་རེ་ཡོངས་སུ་གྲུབ་རྗེས་ཁོ་མོས་སྒྲུང་ཉན་གྱི་ཡོད་ཅེས་གསུངས་འདུག 

ཌེ་ཝི་ཌི་ཧར་ཊི་ནི་ཨོ་སི་ཁྲུ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་ནོན་གྷ་ས་ཁུལ་དུ་རི་མོ་བ་སྒྱུ་རྩལ་བ་ཞིག་རེད།

སྐུ་ཞབས་ཧར་ཊི་ལགས་བྱིས་པའི་དུས་སུ་ཨེ་ཌི་ལེ་ཌལ་གྲོང་ཁྱེར་དུ་བཞུགས་ཤིང་། སྐུ་ཚེའི་སྨད་ལ་ NSW ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་གི་ནེམ་བཱ་ཀོན་ཊི་རུ་ཁོང་གི་རིག་གཞུང་དང་སླར་ཡང་འབྲེལ་བ་བྱུང་།

སྐུ་ཞབས་ཧར་ཊི་ལགས་སྐུ་ན་གཞོན་དུས་དཀའ་ངལ་མང་པོ་ཞིག་འཕྲད་མྱོང་ཡོད།

ཁོང་གིས་ལོ་བཅུ་དྲུག་གི་ཐོག་སློབ་གྲྭ་མཚམས་བཞག་ནས་ལས་ཀ་འཚོལ་དགོས་བྱུང་བ་དང་། བཟི་སྨན་ཡང་བེད་སྤྱོད་བྱེད་མྱོངས་ཡོད།

གང་ལྟར་ཁོང་གི་ཨ་ཞང་དང་གཅེན་པོ་རྣམས་ཀྱིས་ཁོང་ལ་རྒྱབ་སྐྱོར་དང་ལམ་སྟོན་བྱས་པ་དེས་ཁོང་གི་མི་ཚེ་ལ་འགྱུར་བ་གཏོང་རྒྱུར་ཕན་ཐོགས་བྱུང་།

ཁོང་གིས་ངས་མི་ཚེའི་ཁྲོད་ཀྱི་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་ཐབས་མི་ལེགས་པ་མང་པོ་ཞིག་ཡོད་པ་མཐོང་མྱོང་། ད་ལྟ་ང་རང་གི་ཨ་ཞང་དང་སྤུན་མཆེད་ཚོར་ཐུག་ཐུབ་པ་ནི་དངོས་གནས་བསོད་ནམས་ཆེན་པོ་རེད། ཁོང་ཚོས་ང་ལ་ལུང་པ་དང་། ཡུལ་ལུང་གི་སྐོར་གྱི་སྒྲུང་འདི་དག་བསླབས་བྱུང་། སྒྲུང་འདི་ཚོས་ཁྱེད་ཀྱིས་རང་ཉིད་དང་བྱ་དངོས་གཞན་དག་ལ་བཟང་ཕྱོགས་ནས་ལྟ་ཚུལ་འཛིན་དགོས་པ་བསླབས་བྱུང་། དེར་བརྟེན་ངས་དེ་དག་ཉིན་རེའི་འཚོ་བའི་ཁྲོད་དུ་ལག་ལེན་དུ་བསྟར་བ་ཡིན། དེས་ང་ལ་ལས་དོན་རྣམས་ཇེ་སླར་གཏོང་གི་འདུག་ཅེས་གསུངས་འདུག

སྐུ་ཞབས་ཧར་ཊི་ལ་ཐོབ་པའི་ཤེས་ཡོན་ནི་རྒྱུན་དུ་ཁོའི་སྒྱུ་རྩལ་བརྩམས་ཆོས་སུ་མངོན་གྱི་ཡོད།

ཁོང་གིས་སྒྲུང་མང་ཆེ་བའི་ནང་དུ་ང་ཚོའི་སྔོན་དུ་ཕེབས་པའི་མེས་པོ་མ་ཡུམ་སའི་གོ་ལ་དང་། དེ་བཞིན་འདས་པའི་དུས་སུ་གནས་པའི་འཇིག་རྟེན་བཀོད་པ་པོ་བེའུ་མི་བཅས་ཀྱི་སྐོར་གླེང་འདུག ངས་སློབ་སྦྱོང་བྱས་པའི་ཆོས་ལུགས་འདི་དག་ནི་ NSW ནིའུ་སའོ་ཐི་ཝལ་མངའ་སྡེའི་ནུབ་ཕྱོགས་སུ་ཡོད་པས། ངས་དེ་གའི་སྤྱི་ཚོགས་དང་ལྷན་དུ་དུས་ཚོད་མང་པོ་བསྐྱལ་ནས་ས་ཆ་དེ་ནས་ཤེས་བྱ་མང་པོ་སྦྱངས་པ་ཡིན། ཤེས་བྱ་དེ་དག་ནི་དེང་སང་ངས་སྒྱུ་རྩལ་བརྩམས་ཆོས་མང་པོའི་ནང་དུ་ཐོན་གྱི་ཡོད་པ་རེད་ཅེས་གསུངས་འདུག

ཁོང་གིས་སྒྱུ་རྩལ་ནི་མི་རབས་རྗེས་མ་ཚོར་སྒྲུང་གི་ལམ་ནས་བརྒྱུད་སྤྲོད་བྱེད་པའི་ཐབས་ལམ་ཙམ་མ་ཡིན་པར། རང་ཉིད་ལ་མཚོན་ན་གསོ་དྲན་གསོའི་རྣམ་པ་ཞིག་ཀྱང་ཡིན་ཞེས་གསུངས་འདུག

ངས་རི་མོ་འབྲི་བའི་སྐབས་སུ་སེམས་ལྷོད་ལ་འབབ་པའི་གནས་བབ་ཅིག་ཡོང་གི་འདུག ངས་རི་མོ་འབྲི་བའི་སྐབས་སུ་བསམ་གཞིག་གང་འཚམ་ཞིག་བྱེད་ཀྱི་ཡོད།

ངས་འཆར་འགོད་དང་གཉིས་པ་དེ་ཇི་ལྟར་ཡོང་མིན་ལ་བསམ་བློ་གཏོང་ཞིང་། གཉིས་པའི་སྐོར་ལ་བསམ་བློ་གཏོང་རྒྱུ་ཅུང་ཙམ་ལས་མེད། ཡིན་ནའང་། ཁྱེད་ཀྱིས་ཤེས་གསལ་ལྟར། སེམས་པས་རི་མོ་དེ་དངོས་གནས་དབང་དུ་བསྒྱུར་ཐུབ། མ་ཚད་ཡུལ་མིའི་རིག་གཞུང་དང་སྲོལ་རྒྱུན་ལ་རྒྱུས་ལོན་བྱེད་ཐུབ་ཅེས་བཤད་འདུག

ཁོ་མོས་རྒྱལ་ཁབ་དེ་དག་གི་མི་དེ་སུ་རེད་དམ། རྒྱལ་ཁབ་དེ་ཚོ་ཅི་འདྲ་རེད་དམ། ཁོ་ཚོའི་རྣམ་པ་ཅི་འདྲ་རེད་དམ། ཁྱེད་ཀྱིས་དྲི་བ་དེ་ཚོ་འདྲི་བའི་འགོ་བཙུགས་པ་ན། མི་དེའི་རྣམ་པ་མཐོང་བ་དང་ཚོར་བ་འགོ་འཛུགས་རྒྱུ་རེད། སྒྲུང་དེ་ཚོ་མི་རབས་ནས་མི་རབས་ལ་བརྒྱུད་པ་ཞིག་ཡིན་པ་དང་། མ་འོངས་པར་ཡང་དེ་ལྟར་འགྱུར་རྒྱུ་རེད། རྒྱུ་མཚན་ནི། ང་ཚོས་རིག་གཞུང་མཉམ་སྤྱོད་བྱེད་ཚུལ་དེ་རེད། ང་ཚོས་སྒྲུང་དེ་དག་ལ་ཉན་པའི་གོ་སྐབས་ཤིག་ཇི་ལྟར་སྐྲུན་ཐུབ་བམ་ཅེས་གསུངས་འདུག

ཁོ་མོ་རང་ཉིད་ཀྱི་འགྲེམས་སྟོན་ལ་ཞུགས་ནས་མི་གཞན་དང་མཉམ་དུ་སྒྱུ་རྩལ་སྐོར་གྱི་གྲོས་མོལ་རྒྱུན་རིང་པོར་བྱེད་རྒྱུར་སྤྲོ་བ་ཡོད། ཁོ་མོར་མཚོན་ན། སྒྱུ་རྩལ་སྐོར་གྱི་དྲི་བ་འདྲི་རྒྱུ་དེས་གཞན་དང་འབྲེལ་བ་བྱེད་ཐུབ་པའི་ཕན་ཐོགས་ཡོང་གི་ཡོད་འདུག

ཁོ་མོས་གདོད་མའི་མི་རིགས་མང་པོ་ཞིག་ངའི་རྩར་ཡོང་ནས་ངའི་ལས་དོན་སྐོར་ལ་སྐ་ཆ་འདྲི་ཡི་འདུག སྐད་ཆ་འདྲི་བར་ཞེད་སྣང་བྱེད་མི་དགོས། ཁོང་ཚོས་དྲི་བ་འདི་དག་དྲིས་པར་དངོས་གནས་དགའ་པོ་ཡོང་གི་འདུག ངས་རང་གི་ཤེས་ཚོད་ཀྱི་ཐོག་ནས་ཁྱེད་ལ་ལན་གང་ཡག་ཡག་ཅིག་རྒྱག་ཐུབ་ཐབས་བྱེད་ཀྱི་ཡོད། གལ་སྲིད་དེ་ནི་ངས་མི་ཤེས་པའི་གནད་དོན་ཞིག་ཡིན་རུང་། ང་ཚོས་མཉམ་དུ་ཤེས་རྟོགས་བྱེད་ཐུབ། དེ་ནས་ང་ཚོས་གླེང་མོལ་དེའི་ཁྲོད་ནས་ཕན་ཚུན་གྱི་འབྲེལ་བ་འཛུགས་བཞིན་ཡོད་ཅེས་གསུངས་འདུག

Share