མ་འབྱར་གྱི་བྱིས་པ་ཚོའི་བདེ་ཐང་ཡར་རྒྱས་ཆེད་འཕྲོད་བསྟེན་ལྟ་སྐྱོང་སྐོར་ལམ་སྟོན་གསར་པ།

Baby's feet (0-3 months), close-up

Credit: Laurence Monneret/Getty Images

Get the SBS Audio app

Other ways to listen

ཨོ་སི་ཁྲུ་ལི་ཡའི་ནང་ཕྲུ་གུ་མར་འབྱར་ལ་རྒྱུན་རིང་པོའི་ལྟ་སྐྱོང་ཡར་རྒྱས་གཏོང་ཐབས་ཀྱི་ལམ་སྟོན་གསར་པ་དེས་ཕྲུ་གུ་དང་ཕ་མའི་འཕྲོད་བསྟེན་ལ་གྲུབ་འབྲས་བཟང་པོ་ཐོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་འདུག


ཆེད་མཁས་པ་ཚོས་ཐབས་ཇུས་དེ་ཕྲུ་གུ་རྣམས་ཀྱི་འཚར་ལོངས་དང་། འཕེལ་རྒྱས། འཕྲོད་བསྟེན་བཅས་ཀྱི་དཀའ་ངལ་ཆུང་དུ་གཏོང་ཐུབ་རྒྱུ་ཡིན་སྐོར་ཡང་བརྗོད་འདུག

ཨེ་མཱ་བྷ་ཡར་སི་ Emma Byers ལ་མཚོན་ན་ཁོ་མོར་ཕྲུ་གུ་མཚེ་མ་སྐྱེས་ནས་ལོ་བརྒྱད་ཕྱིན་ཡོད། ཕྲུ་གུ་དེ་གཉིས་མངའ་ཆགས་ནས་བདུན་ཕྲག་ ༣༢ ལས་མ་ཕྱིན་པར་སྐྱེས་ཡོད་འདུག ཁོ་མོས་སྐབས་དེར་སེམས་འཚབ་དང་གནོན་ཤུགས་ཆེན་པོ་བྱུང་སྐོར་བརྗོད་འདུག

ཁོ་མོས་ཕྲུ་གུ་གློ་བུར་དུ་སྐྱེས་དུས་ཧང་སང་སོང་། ངས་ཕྲུ་གུ་བུ་གཉིས་ཕྱི་ཉིན་མ་གཏོགས་མཐོང་མ་བྱུང་། ང་རང་དེར་འབྱོར་དུས་ངའི་ཕྲུ་གུ་ཚོ་སྐྱེ་མ་རན་གོང་དུ་སྐྱེས་དུས་སྨན་བཅོས་དང་ལྟ་སྐྱོང་ཤུགས་ཆེན་བྱེད་དགོས་ཀྱི་འདུག་པས་དེས་སེམས་ཁྲལ་ཆེན་པོ་བྱུང་སོང་། མ་ཚད་ཁོང་གཉིས་ཀར་དབུགས་གཏོང་ལེན་ལའང་རོགས་རམ་དགོས་ཀྱི་འདུག ཁོང་གཉིས་སྔ་མོ་ནས་སྐྱེས་པས་གློ་བས་དབུགས་གཏོང་ལེན་ཡང་ཚད་ལྡན་ཞིག་བྱེད་ཐུབ་ཀྱི་མི་འདུག་པས་དཀའ་ངལ་མང་པོ་ཞིག་འཕྲད་པ་རེད། ཁོང་གཉིས་དབུགས་གཏོང་ཐབས་གང་འདྲ་ཞིག་བྱེད་དགོས་ན་བསམས་པའི་དངངས་འཚབ་དང་སེམས་ངལ་མང་པོ་ཞིག་བྱུང་སོང་ཞེས་འགྲེལ་བརྗོད་གནང་འདུག

འདི་ནི་ལོ་ལྟར་ཨོ་སི་ཁྲུ་ལི་ཡའི་ནང་དུས་ཚོད་མ་ཟིན་གོང་ནས་སྐྱེས་པའི་ཕྲུ་གུ་མར་འབྱར་ ༣༥༠༠ ལྷག་ཙམ་གྱི་ཁྱིམ་ཚང་གི་གནད་དོན་ཞིག་ཆགས་ཡོད།

ཚོད་དཔག་བྱས་ན་ཕྲུ་གུ་དེ་དག་ནང་བརྒྱ་ཆ་ ༦༠ ཙམ་ཞིག་ཕྲུ་གུའི་དུས་ཡུན་ཆ་ཚང་ནང་འཚར་ལོངས་དང་། འཕྲོད་བསྟེན། འཕེལ་རྒྱས་བཅས་ལ་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་པ་རེད།

ཡིན་ན་ཡང་དུས་ཡུན་མ་ཚང་གོང་ནས་སྐྱེས་པའི་ཕྲུ་གུ་ཚང་མར་དཀའ་ངལ་དང་གནས་སྟངས་དེ་འདྲ་ཆགས་ཀྱི་མེད་ཀྱང་། ཕ་མ་མང་པོ་ཞིག་གིས་ཁོང་ཚོའི་ཕྲུ་གུར་དུས་ཡུན་རིང་པོའི་ནང་འཕྲོད་བསྟེན་ལ་དཀའ་ངལ་འཕྲད་སྲིད་པའི་སེམས་ཁྲལ་བྱེད་བཞིན་ཡོད།

ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་མེལ་བྷོན་ནང་བརྟེན་གཞི་བྱས་པའི་ Murdoch Children’s Research Institute (MCRI) མུར་དྷོ་ཆི་བྱིས་པའི་ཞིབ་འཇུག་ལྟེ་གནས་ཁང་གིས་སྣེ་ཁྲིད་པའི་ཚོགས་ཆུང་ཞིག་གིས་ཕྲུ་གུ་མར་འབྱར་གྱི་དུས་ཡུན་རིང་པོའི་འཕྲོད་བསྟེན་བདེ་ཐང་ཡར་རྒྱས་གཏོང་ཐབས་རྒྱལ་ཡོངས་ལམ་སྟོན་ཐོག་མ་དེ་བཟོས་ཡོད་འདུག

གཙུག་ལག་སློབ་དཔོན་ཇེ་ནི་ཆོང་ Jeanie Cheong ལགས་ནི་ཝི་ཊོ་རི་ཡའི་བྱིས་པའི་ཀླད་པ་ཞིབ་འཇུག་ཁང་ M-C-R-I གི་ཚོགས་ཆུང་འགན་འཛིན་ཞིག་རེད།

ཁོང་གིས་ལམ་སྟོན་འདིའི་དམིགས་ཡུལ་ནི་སྒྲོམ་གཞི་ཞིག་བཟོས་ནས། སྒྲོམ་གཞི་ལ་གཞིར་བཅོལ་ནས་འཕྲོད་བསྟེན་ཆེད་ལས་མི་སྣ་ཚོར་ལམ་སྟོན་དང་། དེ་བཞིན་ཁྱིམ་ཚང་ཕ་མ་ཚོ་ལ་ཡང་རང་ཉིད་ཀྱིས་འཕྲོད་བསྟེན་གང་གི་ཐད་ནས་ཡར་རྒྱས་གཏོང་དགོས་རྒྱུ་གལ་ཆེན་ཡིན་མིན་སྐོར་ལ་ལམ་སྟོན་ཞིག་ཆགས་ཡོད།

དེ་བཞིན་ཕྲུ་གུ་དེ་ལོ་ཚད་གང་འདྲ་ཞིག་གི་ཐོག་ནས་བལྟ་སྐྱོང་གལ་ཆེན་ཡིན་མིན་དང་། ཧ་ཅང་གལ་ཆེ་ཤོས་ཤིག་ལ་ཕྲུ་གུ་དེའི་འཚར་ལོངས་དང་འཕྲོད་བསྟེན་གྱི་འཕེལ་རྒྱས་དེ་ཚོ་ཕྲུ་གུ་ཆུང་དུས་ནས་ངོས་ཟིན་ཐུབ་ཀྱི་ཡོད་པ་རེད།

ལམ་སྟོན་དེའི་ཐོག་ནས་ལག་བསྟར་བྱས་ཚེ་ཕྲུ་གུའི་བདེ་ཐང་གྲུབ་འབྲས་ལ་ཕན་ཐོགས་ངེས་ཅན་ཡོང་གི་རེད་ཅེས་གསུངས་འདུག

ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་འཕྲོད་བསྟེན་དང་སྨན་བཅོས་ཞིབ་འཇུག་ལྷན་ཚོགས་ཀྱིས་ལམ་སྟོན་སྒྲོམ་གཞི་དེ་གཏན་འབེབས་ཀྱིས། ལམ་སྟོན་སྒྲོམ་གཞི་དེ་ཕྲུ་གུ་སྨན་ཁང་ནས་ཐོན་པ་ནས་བཟུང་ལོ་ ༦ མ་སླེབས་བར་དུ་སྒྲོམ་གཞི་དེའི་ནང་ཚུད་ཀྱི་ཡོད་འདུག

འཕྲོད་བསྟེན་ལམ་སྟོན་གསར་པ་དེ་ཕྲུ་གུ་མར་འབྱར་ཡོད་པའི་ཁྱིམ་ཚང་ཚང་མར་འབྲེལ་མཐུད་བྱས་ཡོད་པ་དང་། ཚོགས་ཆུང་དེའི་བརྒྱུད་ནས་ཕྲུ་གུ་ཆུང་དུས་ཀྱི་སྐབས་སུ་འཕྲོད་བསྟེན་ཉེན་ཁ་རྣམས་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཆེན་པོ་ཆགས་རྒྱུ་ཡིན་འདུག

སཱ་རཱ་ཁར་བྷེ་ Sarah Kirby ལགས་ཀྱི་ཁོ་མོའི་བུ་ཁྲེ་ཌེད་ Teddy བདུན་ཕྲག་ ༢༦ ལས་མ་ཕྱིན་པར་སྐྱེས་རྗེས། སྐབས་དེར་ལྗིད་ཚད་གྷ་རམ་ 719 ལས་མེད་པས་ཧ་ལམ་ལག་པ་གཅིག་གི་ནང་ཚུད་ཀྱི་ཡོད་སྐོར་བརྗོད་འདུག

ལྕམ་ཁར་བྷེ་ Ms Kirby ལགས་ཀྱི་བུ་ད་ལྟ་བདེ་ཐང་དང་ཟླ་བ་ ༡༤ འགྲོ་བཞིན་ཡོད་འདུག ཁོ་མོས་ཕྲུ་གུ་མར་འབྱར་སྐྱེས་བའི་བརྒྱུད་རིམ་དེ་ཧ་ཅང་དཀའ་ལས་ཁག་པོའི་དུས་ཚོད་ཅིག་ཡིན་པ་དང་། ད་ལན་རྒྱལ་ཡོངས་འཕྲོད་བསྟེན་ལམ་སྟོན་གསར་པ་དེས་ཕྲུ་གུ་དམར་འབྱར་གྱི་ཕ་མ་དང་ཁྱིམ་ཚང་བཅས་ལ་དཀའ་ངལ་ཆུང་དུ་གཏོང་ཐུབ་པའི་ཡིད་ཆེས་བྱེད་ཀྱི་འདུག

ཁོ་མོས་ཚད་ལྡན་གྱི་ལམ་སྟོན་གསར་པ་ཞིག་གཏན་འབེབས་བྱས་ཡོད་པར་ཧ་ཅང་དགའ་པོ་བྱུང་སོང་། ལམ་སྟོན་དེའི་ཐོག་ནས་་ང་དང་འདྲ་བའི་ཕ་མ་ཚང་མར་སྨན་ཁང་ནས་ཐོན་ཚར་བའི་རྗེས་སུ་ཡང་རོགས་རམ་དང་ལམ་སྟོན་དེ་འདྲ་ཐོབ་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཡང་ལྕམ་བྷ་ཡར་སི་ Ms Byers ལགས་ཀྱིས་ཕྲུ་གུ་མར་འབྱར་ཡོད་པའི་ཁྱིམ་ཚང་ལ་སེམས་ཁམས་འཕྲོད་བསྟེན་རྒྱབ་སྐྱོར་དགོས་རྒྱུ་དེ་ཡང་གལ་ཆེན་པོ་ཡིན་སྐོར་གསུངས་འདུག

ཁོ་མོས་ང་རང་ལ་ཕྲུ་གུ་བུ་ཚོས་དཀའ་ངལ་མང་པོ་ཞིག་སྤྲད་དུས་སེམས་ཁམས་འཕྲོད་བསྟེན་ལ་རྒྱབ་སྐྱོར་དེ་ཧ་ལས་པ་ཕན་ཐོགས་ཆེན་པོ་འདུག ཡིན་ན་ཡང་ང་རང་ནང་ལ་ཚུར་འབྱོར་ཚར་དུས་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་དང་འབྲེལ་བ་ཆད་སོང་། ངའི་ཕྲུ་གུ་རྣམས་སྨན་ཁང་ནང་ཐོན་ཚར་དུས་ང་ལ་དེ་སྔོན་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་རག་མྱོངས་ཡོད་དུས་སླར་ཡང་འབྲེལ་བ་བྱས་དུས་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་མུ་མཐུད་ནས་འདུག་ཅེས་གསུངས་འདུག

སློབ་དཔོན་ཆོང་ Professor Cheong ལགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་ཁྱོན་དུ་མ་བུའི་བདེ་ཐང་སྐོར་གྱི་འཕྲོད་བསྟེན་ཞབས་ཞུ་ཧ་ཅང་མང་པོ་ཡོད་སྐོར་བརྗོད་འདུག

ཁོ་མོས་མཇུག་མཐུད་ལྟ་སྐྱོང་ནི་ཕྲུ་གུ་ལ་འཚམ་པའི་སྨན་ཁང་གི་ཕྲུ་གུ་ཛ་དྲག་ལྟ་སྐྱོང་ཚན་པའི་རུ་ཁག་དབར་འབྲེལ་མཐུད་བྱེད་དགོས་ཀྱི་ཡོད་པ་རེད་་ཅེས་གསུངས་འདུག

སློབ་དཔོན་ཆོང་ Professor Cheong ལགས་ཀྱིས་ལམ་སྟོན་དེས་ཕྲུ་གུ་མར་འབྱར་གསོན་གནས་བྱེད་པའི་གྲངས་ཚད་མངོན་གསལ་མཐོ་རུ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག

ཁོང་གིས་དུས་ཚོད་མ་ཟིན་པའི་ཕྲུ་གུ་རྣམས་སྨན་ཁང་ནས་ཐོན་རྗེས་སུ་ཡང་ད་དུང་ལྟ་སྐྱོང་བྱེད་ཀྱི་ཡོད། ཡིན་ན་ཡང་ཞབས་ཞུ་དེ་རྒྱལ་ཡོངས་སུ་ཚང་མ་གཅིག་གྱུར་མིན། གཙོ་བོར་ཁྱེད་རང་ས་གནས་གང་དུ་སྡོད་ཀྱི་ཡོད་མེད་དང་ས་གནས་དེར་ཐུན་རྐྱེན་ག་རེ་ཡོད་མེད་ལའང་རག་ལས་ཡོད། ད་ཐེངས་ཀྱི་ལམ་སྟོན་འདིའི་ཐོག་ནས་ལག་ལེན་ཚད་ལྡན་ཞིག་ཡོང་ཐབས་བྱེད་ཀྱི་ཡོད་པ་དང་། འཕྲོད་བསྟེན་ཞབས་ཞུ་ཁག་དང་ཁྱིམ་ཚང་ཚོས་ང་ཚོར་ཡོད་པའི་ཐུན་རྐྱེན་འབྱུང་ཁུངས་དེའི་ནང་ལྟ་སྐྱོང་ཡག་པོ་ཞིག་ཡོང་གི་རེད་ཅེས་གསུངས་འདུག

ལམ་སྟོན་དེ་ལོ་ ༥ ཡི་ནང་བསྐྱར་ཞིབ་དང་དེའི་ཐོག་གསར་སྣོན་ག་རེ་གནང་དགོས་ཀྱི་ཡོད་མེད་བལྟ་རྒྱུ་ཡིན་འདུག

Share