ཨོ་སི་ཁྲུ་ལི་ཡའི་ནང་ཁྱེད་རང་གི་ལོ་མཇུག་ཏུ་དཔྱ་ཁྲལ་རྩིས་རྒྱག་རྒྱུ་གྲ་སྒྲིག་བྱེད་སྟངས།

TAX_RETURN_AusExpl_Social_1080x1350_LongLeftAligned_Blue.png

Get the SBS Audio app

Other ways to listen

གལ་སྲིད་ཁྱེད་རང་ཨོ་སི་ཁྲུ་ལི་ཡའི་ནང་གནས་སྡོད་དང་དཔྱ་ཁྲལ་འབུལ་མཁན་ཞིག་ཡིན་ཚེ། ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་རྩིས་ལོ་གསར་པ་འགོ་འཛུགས་དང་། དེའི་གོང་གི་རྩིས་ལོ་གཅིག་ནང་ཁྱེད་རང་གི་ཡོང་འབབ་ཆ་ཚང་སྙན་སེང་དང་རྩིས་རྒྱག་དགོས་ཀྱི་ཡོད་པ་རེད། ཨོ་སི་ཁྲུ་ལི་ཡའི་དཔྱ་ཁྲལ་ལས་ཁུངས་ ATO ཡིས་ཁྱེད་རང་གི་རྩིས་ལོ་གཅིག་ནང་གི་ཡོང་འབབ་ལ་གཞིགས་ནས་དཔྱ་ཁྲལ་ག་ཚོད་ཕྱིར་སློག་དགོས་མིན་དང་ཡང་ན་ཁྱེད་ཀྱིས་དཔྱ་ཁྲལ་ག་ཚོད་ཆད་ཡོད་མེད་ཞིབ་འཇུག་དང་ལག་བསྟར་བྱེད་ཀྱི་ཡོད།


ཁྱེད་རང་གི་ལོ་མཇུག་དཔྱ་ཁྲལ་རྩིས་བརྒྱབ་པ་ཐེངས་དང་པོ་དང་ཡང་ན་དཔྱ་ཁྲལ་དེ་ངོ་ཚབ་ལས་ཁུངས་དེ་འདྲ་བརྒྱུད་ནས་རྩིས་བརྒྱབ་ཡོད་མེད་ལ་མ་བལྟོས་པར། རྩིས་ལོའི་ལོ་མཇུག་ཏུ་དཔྱ་ཁྲལ་རྩིས་རྒྱག་སྐབས་དཔྱ་ཁྲལ་རྩིས་རྒྱག་སྟངས་ཏག་ཏག་ཅིག་ཤེས་དགོས་པ་དེ་གནད་འགག་ཆེན་པོ་ཆགས་ཡོད། 

ཨོ་སི་ཁྲུ་ལི་ཡའི་དཔྱ་ཁྲལ་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ལས་རོགས་རོ་བྷར་ཊི་ཐོམ་སོན་ Robert Thomson ལགས་ཀྱིས་དཔྱ་ཁྲལ་འབུལ་མཁན་རྣམས་ལ་ཁྱེད་རང་གི་རྩིས་ལོ་གཅིག་གི་དཔྱ་ཁྲལ་རྩིས་རྒྱག་སྙན་འབུལ་གྱི་དུས་ཡུན་ཕྱི་ཟླ་ ༡༠ ཚེས་ ༣༡ བར་ཡོད་སྐོར་དྲན་གསོ་གནང་འདུག 

ཡིན་ན་ཡང་ཁྱེད་རང་གི་དཔྱ་ཁྲལ་སྙན་འབུལ་ཆེད་ཡིག་ཆ་ཁག་གྲ་སྒྲིག་བཅས་ཀྱི་ཆེད་ཕྱི་ཟླ་ ༧ པའི་ཟླ་མཇུག་བར་ཕྱིར་འགྱངས་བྱེད་ན་སྟབས་བདེ་བ་ཡོད་སྐོར་བརྗོད་འདུག དེའི་རྒྱུ་མཚན་སྐུ་ཞབས་ཐོམ་སོན་ Mr Thompson ལགས་ཀྱིས་འགྲེལ་བརྗོད་གནང་དོན། 

སྤྱིར་ཁྱེད་རང་གི་དཔྱ་ཁྲལ་སྙན་འབུལ་རྩིས་རྒྱག་རྒྱུ་དེ་ཕྱི་ཟླ་ ༧ ཚེས་ ༡ ནས་འགོ་འཛུགས་ཆོག་གི་ཡོད་ཀྱང་ང་ཚོས་མི་རྣམས་ལ་ཕྱི་ཟླ་ ༧ པའི་ཟླ་མཇུག་བར་སྒུག་ན་ཡག་བ་ཡོད་པའི་བསམ་ཚུལ་བཏོན་བཞིན་ཡོད། གང་ཡིན་ཟེར་ན་ཕྱི་ཟླ་ ༧ པའི་ཟླ་མཇུག་བར་མི་རྣམས་དཔྱ་ཁྲལ་རྩིས་རྒྱག་དང་ཕྱིར་ལེན་བཅས་ཀྱི་ཆེད་ང་ཚོས་དཔྱ་ཁྲལ་སྐོར་གནས་ཚུལ་མང་པོ་ཞིག་ཁ་བསྐོང་བྱེད་ཀྱི་ཡོད་པ་རེད། 

དེའི་ནང་ལས་མིའི་གནས་ཚུལ་དང་སྐྱེད་ཀ་སྐོར། སྒེར་གྱི་འཕྲོད་བསྟེན་ཡིག་ཆ་སོགས་མང་པོ་ཞིག་ཚུད་ཡོད་པ་རེད། དེའི་རྗེས་ལ་གནང་བ་ཡིན་ན་ལས་སླ་རུ་འགྲོ་གི་རེད། གང་ཡིན་ཟེར་ན་དགོས་མཁོའི་གནས་ཚུལ་མང་པོ་ཞིག་དེ་ལ་བལྟ་ཆོག་ཆོག་ཆགས་ཡོད་པ་རེད་ལ། སྒྲུབ་དགོས་པའི་ལས་དོན་མང་པོ་ཞིག་དྲན་པ་བརྗེད་པའི་ཉེན་ཁ་ཉུང་བ་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

སྔོན་འགྲོའི་ཁ་སྐོང་ཡིག་ཆ་ནང་དཔེར་ན་བདེ་དོན་དང་འབྲེལ་བའི་འགྲོ་སོང་བཏང་བ་ཁག་གི་བྱུང་འཛིན་སོགས་ཚུད་ཡོད་ཅེས་ཨོ་སི་ཁྲུ་ལི་ཡ་ཞབས་ཞུ་ལས་ཁུངས་ཀྱི་སྤྱི་ཚོགས་གནས་ཚུལ་ལས་བྱེད་ཇཱ་སི་ཊིན་བྷོ་ཊི་ Justin Bott ལགས་ཀྱིས་འགྲེལ་བརྗོད་གནང་འདུག

ཕྱི་ཟླ་བ་བདུན་པའི་ཟླ་དཀྱིལ་ལ་ཁྱེད་ཚོ་ང་ཚོའི་ཚོང་ཤག་ཡིན་ན་ང་ཚོས་དབུས་ཀྱི་འབྲེལ་མཐུད་ཁང་ Centrelink གི་དངུལ་འབབ་སྙིང་བསྡུས་ཤིག་བཟོ་བཞིན་ཡོད་པ་རེད། དེས་ཁྱེད་ཚོའི་ལོ་གཅིག་གི་རིང་ལ་ང་ཚོའི་ལག་ནས་ཁྲལ་སྤྲད་དགོས་པ་དང་ཁྲལ་མ་ཡིན་པའི་དངུལ་འབབ་གང་བྱུང་བ་རྣམས་སྟོན་གྱི་ཡོད་པས་མ་ཚད། ཁྱེད་ཚོས་ ཁྲལ་ཆག་ཡང་ཞུས་པའི་དངུལ་འབབ་རྣམས་ཀྱང་སྟོན་ནས་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་འདུག 

གལ་སྲིད་ཁྱེད་ལ་ཁྱིམ་ཚང་གི་ཁྲལ་འབབ་རོགས་དངུལ་ཁེ་ཕན་དམ། ཡང་ན་བྱིས་པ་བདག་སྐྱོང་རོགས་དངུལ་ཐོབ་ཀྱི་ཡོད་ན། ཁྱེད་ཀྱིས་རྩིས་ལོའི་ལོ་མཇུག་ཏུ་སྤྲོད་འཇལ་བྱས་པའི་དངུལ་འབབ་རྣམས་ཆ་སྙོམས་སུ་རྩིས་རྒྱག་གི་ཡོད་པ་རེད། 

ཨོ་སི་ཁྲུ་ལི་ཡའི་ཞབས་ཞུ་ལས་ཁུངས་ ཀྱི་ངོས་ནས་རྩིས་ལོའི་ལོ་མཇུག་ཏུ་ཁྱེད་རང་གིས་ཡོང་འབབ་རོབ་རྩིས་ག་ཚོད་ཡིན་མིན་གསལ་སྟོན་བྱས་པ་དེ་གཙོ་བོར་ཁྱེད་རང་གིས་དཔྱ་ཁྲལ་རྩིས་བརྒྱབ་ཚར་བའི་རྗེས་སུ་ཨོ་སི་ཁྲུ་ལི་ཡའི་དཔྱ་ཁྲལ་ལས་ཁུངས་ ATO ཡིས་ཞིབ་འཇུག་རྩིས་རྒྱག་དེར་གཞིར་བཅོལ་གྱི་ཡོད་པ་རེད།

དཔྱ་ཁྲལ་རྩིས་རྒྱག་ཚར་བའི་རྗེས་སུ་གལ་སྲིད་ཁྱེད་རང་ལ་ཡོང་འབབ་ཐོབ་འོས་པ་ལས་ཉུང་བ་ཆགས་ཡོད་ཚེ་ཨོ་སི་ཁྲུ་ལི་ཡ་ཞབས་ཞུ་ལས་ཁུངས་ཀྱིས་དངུལ་ཁ་སྣོན་བྱེད་ཀྱི་ཡོད་པ་དང་། གལ་སྲིད་ཁྱེད་རང་གི་ཡོང་འབབ་ཚོད་དཔག་དང་དངོས་སུ་རྩིས་རྒྱག་སྐབས་ཐོད་ཐུག་ཡོད་ན་ཁྱེད་རང་གིས་གང་ཡང་བྱེད་དགོས་ཀྱི་མེད་ཅེས་སྐུ་ཞབས་བྷོ་ཊི་ལགས་ཀྱིས་ Mr Bott གསུངས་འདུག 

ང་ཚོའི་ཚོང་ཤག་ཚོས་ཁོང་ཚོར་ཁྱིམ་ཚང་གི་དཔྱ་ཁྲལ་རོགས་དངུལ་དང་ཡང་ན་བྱིས་པར་གསོ་སྐྱོང་རོགས་དངུལ་བཅས་ཐོབ་ཀྱི་ཡོད་པ་གང་ཞིག་དཔྱ་ཁྲལ་རྩིས་སྙན་འབུལ་དགོས་ཀྱི་མེད་ཚེ། ང་ཚོར་དེ་དོན་བརྡ་ལན་སྤྲད་དགོས་ཀྱི་ཡོད་པས་མ་ཚད། ཁོང་ཚོའི་བཟའ་ཟླས་ཀྱང་དེ་བཞིན་དཔྱ་ཁྲལ་རྩིས་རྒྱག་སྙན་འབུལ་ཞུ་མི་དགོས་པའི་བརྡ་ལན་སྤྲད་དགོས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན་ང་ཚོ་ལ་དེའི་སྐོར་རང་འགུལ་གྱི་བརྡ་ལན་འབྱོར་གྱི་ཡོད་མ་རེད། ང་ཚོར་གནས་ཚུལ་བརྡ་ལན་འབྱོར་རྗེས་ང་ཚོས་དཔྱ་ཁྲལ་དང་ཁེ་འབབ་བཅས་ཀྱི་དབར་དོ་མཉམ་ཡོང་གི་ཡོད་མེད་དང་ཞིབ་དཔྱད་བྱེད་ཀྱི་ཡོད་ཅེས་གསུངས་འདུག

གལ་སྲིད་ཁྱེད་རང་གིས་ལས་ཀ་དེ་ནང་ནས་བྱེད་ཀྱི་ཡོད་ཚེ་ལས་ཀ་དང་འབྲེལ་བའི་ཞོར་གྱི་འགྲོ་སོང་ཁག་སྙན་འབུལ་གྱིས་དཔྱ་ཁྲལ་ཉུང་འཕྲི་ཆག་ཡང་ཐོབ་ཐབས་བྱེད་དགོས་ཀྱི་ཡོད་པ་རེད། 

ཁྱེད་ཀྱི་འགྲོ་གྲོན་རྩིས་རྒྱག་བྱེད་པའི་ཐབས་ལམ་ནི་ཁྱིམ་ནས་ལས་ཀ་བྱེད་པའི་ཆུ་ཚོད་རེའི་དངུལ་འབོར་གཏན་འཁེལ་ཞིག་ལ་གཞི་བཅོལ་གྱི་ཡོད་པ་རེད། 

ཨོ་སི་ཁྲུ་ལི་ཡ་དཔྱ་ཁྲལ་ལས་ཁུངས་ཀྱི་སྐུ་ཞབས་ཐོམ་སོན་གྱིས་ཐབས་ལམ་གང་འདྲ་ཞིག་འདེམས་ཀྱང་ཁྲལ་སྤྲོད་མཁན་ཚོས་གལ་ཆེའི་རྒྱུ་རྐྱེན་གཉིས་ལ་དོ་སྣང་བྱེད་དགོས་པ་ནན་བཤད་བྱེད་ཀྱི་ཡོད་ཅེས་གསུངས་འདུག 

གལ་སྲིད་ཁྱེད་རང་ལས་ཀ་ནང་ནས་བྱེད་ཀྱི་ཡོད་ཚེ། ཁྱེད་ཀྱི་ཁ་པར་དང་དྲ་རྒྱ། ལོ་གཅིག་གི་རིང་ལ་ཁྱིམ་ནས་ལས་ཀ་བྱས་པའི་ཆུ་ཚོད་ཀྱི་ཐོ་འགོད་སོགས་རྩིས་རྒྱག་གི་ཡོད་པ་རེད། དཔྱ་ཁྲལ་ལས་ཁུངས་ཀྱི་དྲ་ཚིགས་སྟེང་བཟོ་ལས་ཁང་དང་ལས་རིགས་དམིགས་བསལ་ཁག་ལ་དེའི་སྐོར་གྱི་ལམ་སྟོན་མི་འདྲ་བ་ ༤༠ ཡོད་པ་རེད་ཅེས་གསུངས་འདུག 

ཁྱེད་རང་གིས་དུས་རྒྱུན་ལས་དོན་ཆེད་འགྲོ་སོང་བཏང་བའི་བྱུང་འཛིན་དང་སོང་འཛིན་ཁག་པར་བརྒྱབ་ནས་དཔྱ་ཁྲལ་ལས་ཁུངས་ཀྱི་བརྙན་ཆས་ ནང་རིན་མེད་ཐོག་ཉར་ཆོག་གི་ཡོད།

དེ་ཡང་ཨོ་སི་ཁྲུ་ལི་ཡའི་ནང་ཁྲལ་འབབ་ཀྱི་སྙན་ཞུ་ཕུལ་མཁན་གྱི་ཐེངས་དང་པོ་ཡིན་པའི་མི་ཚོས་རྩིས་ལོ་སྔོན་མའི་ཆེད་དུ་ཁྲལ་འབབ་ཀྱི་སྙན་ཞུ་ཕུལ་དགོས་མིན་བརྟག་དཔྱད་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། 

ཡང་སྐུ་ཞབས་ཐམ་སོན་ Mr Thomson ལགས་ཀྱིས་ལོ་མཇུག་དཔྱ་ཁྲལ་རྩིས་རྒྱག་སྐབས་ཕྱི་ལོ་ ༢༠༢༣ ལོར་མི་སྒེར་གྱི་གནས་ཚུལ་ངོ་སྤྲོད་རྐུ་འཁྱེར་བྱེད་མཁན་བརྒྱ་ཆ་ ༦༠ ཡར་འཕར་ཡོད་སྐོར་བརྗོད་འདུག 

དྲ་ཐོག་མགོ་སྐོར་བསླུ་བྲིད་གཏོང་མཁན་གྱིས་དཔེར་ན་ཁྱེད་རང་གི་མིང་དང་། ཁ་བྱང་། དཔྱ་ཁྲལ་གྱི་ཨང་གྲངས། དངུལ་ཁང་གི་བྱང་བུ་སོགས་བརྐུ་འཁྱེར་བྱེད་ཀྱི་ཡོད་འདུག 

ཁོང་གིས་ཁྱེད་རང་སྒེར་གྱི་གནས་ཚུལ་མི་གཞན་ལ་མ་སྤྲད་གོང་དུ་བསམ་བློ་ཡང་བསྐྱར་གཏོང་ཐུབ་ཚེ་དེ་ནི་སྲུང་སྐྱོབ་གལ་ཆེན་ཆགས་ཀྱི་ཡོད། ཁྱེད་རང་གི་མི་དེ་ངོ་ཡག་པོ་ཤེས་པ་དང་ཡང་ན་ཡིད་ཆེས་བློ་འགེལ་བྱེད་ཆོག་པ་ཞིག་མིན་ཚེ་ཁྱེད་རང་གི་གནས་ཚུལ་ཞིབ་ཕྲ་སྤྲད་མི་རུང་། མཚམས་རེར་འཕྲིན་ཐུང་དེ་འདྲ་འབྱོར་ནས་དེའི་ནང་དྲ་ཐག་དེ་གནོན་ནས་གནས་ཚུལ་ཞིབ་ཕྲ་ཐོ་འགོད་བྱོས་ཟེར་བ་དང་། ང་ཚོར་གང་མགྱོག་མགྱོག་འབྲེལ་བ་བྱོས་ཟེར་བ་དེ་འདྲ་ཡོང་གི་ཡོད་པ་རེད་དེའི་སྐབས་སུ་གཟབ་གཟབ་དང་བརྟག་དཔྱད་ཞིབ་འཇུག་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

Share